འཇར་མན་རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས།

 

ཁོ་བོ་འཇར་མན་དུ་ཡོད་པའི་སྐབས་སུ་དོན་འདི་ལ་བསམ་གཞིགས་བྱས་མ་མྱོང་ཡང་། ད་ལྟ་བསམ་ན་དངོས་ནས་བློ་ཡུལ་ལས་འདས་པའི་དོན་མང་པོ་འདུག དེ་ཡང་འཇར་མན་གྱི་སློབ་གསོའི་ལམ་ལུགས་ཐད་གླེང་ན།

 

གཅིག འཇར་མན་གྱི་བྱིས་པའི་སློབ་གྲྭར་ལོ་རིམ་དགར་མེད་པར་ལོ་ཚད་ཆེ་ཆུང་ཐམས་ཅད་མཉམ་གཅིག་ཏུ་འདུས་ཡོད།

གཉིས། འཇར་མན་གྱི་སློབ་གྲྭ་ཐམས་ཅད་ཉིན་ཕྱེད་སློབ་ཁྲིད་ལམ་ལུགས་ཡིན་ཞིང་། ཕྱི་དྲོ་སློབ་ཕྱིའི་བྱ་འགུལ་གཅིག་པུ་ལས་སློབ་ཁྲིད་མེད།

གསུམ། ལོ་རིམ་གསུམ་པ་ནས་བཟུང་ཏེ་ད་གཟོད་དབྱིན་ཡིག་སློབ་སྦྱོང་གི་འགོ་ཚུགས་བཞིན་འདུག

བཞི། སློབ་ཆུང་ལོ་རིམ་བཞི་བ་ནས་མཐར་ཕྱིན་པ་དང་། དགེ་རྒན་གྱིས་སློབ་མའི་དངོས་ཡོད་སློབ་སྦྱོང་གི་གྲུབ་འབྲས་དང་ནུས་ཚད་དངོས་ལ་གཞིགས་ཏེ་སློབ་རིམ་འཕར་ཞིང་སྦྱང་བྱ་མཁོ་འདོན་བྱེད། སློབ་གྲྭ་འབྲིང་རིམ་མམ་དེ་ལས་གོང་མར་སླེབས་ཚེ་ད་གཟོད་སློབ་ཆེན་གྱི་རིག་ཚན་ལ་སོགས་པའི་བསླབ་བྱར་སྦྱོང་བ་བྱེད་པ་དང་། སློབ་ཆེན་འགྲིམས་ཚད་ཀྲུང་གོ་དང་བསྡུར་ན་ད་དུང་དམའ།

ལྔ། དངོས་ཚན་གྱི་རིམ་པ་མེད་ཅིང་། སློབ་ཆེན་ནས་ཞིབ་འཇུག་སློབ་མ་འདོན་དགོས་པ་ཡིན། རྗེས་སུ་ཨོ་གླིང་མནའ་འབྲེལ་གྱི་རེ་བ་ལྟར་བསྒྱུར་བཅོས་ཅུང་ཟད་བཏང་ཡོད།

དྲུག བསླབ་ཚན་གྱི་དངོས་འབེབ་ལ་མཐོང་ཆེན་བྱེད་ཅིང་། འདེམ་སྦྱོང་བྱས་པའི་རྩིས་ཚན་གྱི་སློབ་སྦྱོང་ནི་ཆེས་ཉུང་ན་ཡང་ཀྲུང་གོ་ལས་ལོ་གཉིས་ཀྱིས་འཕྱི། རྒྱུ་མཚན་ཅི་ཞིག་གིས་མི་གྲངས་ཁྲི་༨༢༠༠ལྷག་ཡོད་པའི་འཇར་མན་གྱིས་འཛམ་གླིང་གི་ནོ་པེར་བྱ་དགའི་ཕྱེད་ཀ་ལོངས་སུ་སྤྱོད་ཐུབ་པ་དང་། འཛམ་གླིང་ཡོངས་ཀྱིས་ཕྱེད་ཀ་མ་གཏོགས་ལོངས་སུ་སྤྱོད་མི་ཐུབ་པ་རེད། དེའི་རྒྱུ་མཚན་ནི་ཚད་ལས་བརྒལ་ཞིང་ཆེས་སྔ་བར་བྱིས་པའི་བློ་གྲོས་སྔོག་འདོན་བྱེད་མི་རུང་བ་དེ་རེད། དེས་ན་ཀུན་གྱིས་གླེང་བའི་རྨང་གཞིའི་སློབ་གསོ་ནི་གནད་དོན་ཐམས་ཅད་ཀྱི་རྩ་བ་ཡིན་པ་རེད། བྱིས་པ་ལོ་ན་ཆེས་ཆུང་དུས་ནས་དཔེ་ཀློག་བྱེད་དུ་འཇུག་པ་ནི་བྱིས་པར་ཕན་ཐོགས་མེད་པ་དང་། མང་ཆེ་བ་ནི་ཁྱིམ་བདག་རང་ཉིད་སྤྲོ་བ་འཕེལ་བར་བྱེད་པ་དང་། མིང་དུ་གྲགས་པར་འགྱུར་བ། རང་ཉིད་ཀྱི་བྱིས་པས་གཞན་གྱི་བྱིས་པ་དག་ལས་ཕྱི་རྒྱལ་གྱི་སྐད་ཡིག་ཤེས་པ་དང་། གནའ་བོའི་སྙན་ངག་ཁ་ལ་བྱང་བ་སོགས་བྱེད་པ་ནི་དོན་མེད་ཁོ་ནར་ཟད་དོ།།

 

གཅིག འཇར་མན་གྱི་ཁྲིམས་ལུགས་ནང་སློབ་སྔོན་སློབ་གསོར་བཀག་འགོག་བྱས་ཡོད།

སྤྱིའི་ཆ་ནས་དེང་སྐབས་ལ་ཐུག་པའི་བར་དུ་འཇར་མན་གྱིས་འཛམ་གླིང་གི་ནོ་པེར་བྱ་དགའ་ལོན་མཁན་གྱི་ཕྱེད་ཀ་ཟིན་ཡོད་པ་དང་། འཇར་མན་གྱིས་སྲིད་གཞུང་གི་སྣེ་ཁྲིད་འོག་བྱིས་པའི་བློ་གྲོས་ཆེས་སྔ་མོ་ནས་སྔོག་འདོན་བྱེད་པར་བཀག་འགོག་བྱེད་པ་དང་། བྱིས་པའི་ཀླད་པ་གློག་ཀླད་ཀྱི་གསོག་ཉར་འཕྲུལ་ཆས་ལྟ་བུར་བསྒྱུར་བར་སྔོན་འགོག་བྱེད་ཅིང་། བྱིས་པར་ཆེས་གུ་ཡངས་ཀྱི་ཀླད་པའི་བསམ་གཞིགས་ཀྱི་བར་སྟོང་འཇོག་དགོས་པ་དང་། བྱིས་པ་སློབ་ཆུང་མ་འགྲིམས་སྔོན་གྱི་འགན་ཁུར་གཅིག་པུ་ནི་དགའ་སྤྲོའི་ངང་འཚར་ལོངས་འབྱུང་དུ་འཇུག་རྒྱུ་དེ་རེད། མདོར་ན་ཆེས་སྔ་མོ་ནས་ཚད་ལས་བརྒལ་བར་བྱིས་པའི་བློ་གྲོས་སྔོག་འདོན་བྱེད་མི་རུང་། སྔོན་མ་འཇར་མན་གྱི་བྱིས་པའི་སློབ་གྲྭ་གཅིག་པུར་བྱིས་པར་ཆེད་ལས་ཤེས་བྱ་སྦྱངས་བ་བྱེད་མི་ཆོག་པར་འདོད་ཀྱང་། རྗེས་ནས་ཤེས་རྟོགས་བྱུང་བ་ལྟར་ན་སློབ་ཆུང་གི་སློབ་མས་ཀྱང་སློབ་དེབ་མ་ཡིན་པའི་སློབ་ཚན་གང་ལ་ཡང་སྦྱངས་བ་བྱེད་མི་ཆོག་པ་དང་། བྱིས་པ་འདི་རང་གི་ལོ་ཚོད་ཀྱི་བྱིས་པ་ལས་བརྒལ་བའི་ཤེས་རབ་ཡོད་ཀྱང་མི་ཆོག་པར་བཟོས་འདུག ཁུ་ལུང་ནས་ཡིན་པའི་ཁྱིམ་བདག་སང་ཏི་ལ་ནས་བཤད་རྒྱུར། ད་ལོ་ངའི་བྱིས་པ་ལོ་བདུན་ལ་སླེབས་ཡོད་པ་དང་། ངས་སློབ་གྲྭའི་དགེ་རྒན་ལ་ངའི་བྱིས་པས་ལོ་ལྔ་དྲུག་ནས་བཟུང་ཆེས་རྨང་གཞིའི་ཀློག་འདོན་དང་ཡིག་གཟུགས། སྟབས་བདེའི་རྩིས་གཞི་ཚང་མ་བརྩི་བར་བྱང་ཡོད་པས། སློབ་ཚན་ལས་གཞན་པའི་ཤེས་བྱ་འགའ་སློབ་པའི་རེ་བ་བཏོན་པ་ཡིན། ཡིན་ནའང་དགེ་རྒན་གྱིས་ངའི་བསམ་འཆར་ལ་མོས་མཐུན་མེད་པའི་སྒོ་ནས། ཁྱེད་ཀྱིས་རང་གི་བྱིས་པ་ན་མཉམ་གྱི་བྱིས་པ་གཞན་དང་མཉམ་དུ་འཚར་ལོངས་ཡོང་བར་བྱས་ན་བཟང་ཞེས་བཤད་བྱུང་། གཟའ་འཁོར་གཅིག་གི་རྗེས་སུ་ང་ཡང་བསྐྱར་དགེ་རྒན་བཙལ་དུ་སོང་བ་དང་། ད་དུང་ངའི་བྱིས་པ་བློ་རིག་རྒོད་པོ་ཡིན་པའི་འཛིན་ཡིག་བསྟན་ནས་དགེ་རྒན་གྱིས་བསམ་ཤེས་རྒྱབ་སྐྱོར་དང་། བདག་གི་རེ་བ་དང་ལེན་ཡོང་བའི་རེ་བ་བྱས། ཡིན་ནའང་དགེ་རྒན་འདིས་ང་ལ་ཁྱད་མཚར་གྱིས་བལྟ་བ་དང་། ཕལ་ཆེར་གོ་ལ་གཞན་ནས་ཡོང་བའི་མི་ཞིག་ལ་བལྟ་བ་དང་མཚུངས། དགེ་རྒན་གྱིས་དེ་དང་བསྟུན་ནས་ང་ལ་གསལ་བཤད་བྱེད་རྒྱུར། བྱིས་པའི་བློ་གྲོས་ཆེས་སྔ་བར་ཚད་ལས་བརྒལ་ཏེ་སྔོག་འདོན་བྱེད་པ་ནི་དོན་དག་བཟང་པོ་ཞིག་མ་རེད། དེའི་རྒྱུ་མཚན་ནི་ངེས་པར་དུ་བྱིས་པའི་ཀླད་པར་རང་རྟོགས་བསམ་གཞིགས་ཀྱི་བར་སྟོང་ཞིག་དགོས་པ་རེད། ཚད་ལས་བརྒལ་བའི་ཤེས་བྱ་བརྒྱུད་སྤྲོད་ཀྱིས་བྱིས་པའི་ཀླད་པ་རྩིས་འཕྲུལ་གྱི་གསོག་ཉར་འཕྲུལ་ཆས་དང་མཚུངས་ཤིང་། མུ་མཐུད་འདི་ལྟར་སོང་ན་བྱིས་པའི་ཀླད་པ་རིམ་གྱིས་གསོག་ཉར་འཕྲུལ་ཆས་ལྟར་འགྱུར་ཞིང་། རང་འགུལ་དང་རང་རྟོགས་ཀྱིས་བསམ་གཞིགས་བྱེད་མི་ཐུབ་བོ།། དེ་ལྟར་ཡིན་ན་ཡང་བདག་ནི་ད་དུང་འཇར་མན་གྱི་སློབ་སྔོན་སློབ་གསོའི་ལམ་ལུགས་ལ་གོ་བ་ལོན་ཐུབ་མ་བྱུང་། གནས་ཚུལ་འདི་གསལ་པོར་ཤེས་རྟོགས་ཡོང་ཆེད་བདག་གིས་ཆེད་དུ་འཇར་མན་སློབ་གསོའི་སྡེ་ཁག་གི་མི་སྣར་འདྲི་རྩད་ཞུས་ཤིང་། ཁོང་ཚོས་ང་ལ་སློབ་གསོའི་རྩ་བའི་བཅའ་ཁྲིམས་ལ་གཟིགས་རོགས་གསུང་བྱུང་། འཇར་མན་མཉམ་འབྲེལ་གྱི་རྩ་བའི་བཅའ་ཁྲིམས་ནང་བལྟས་པ་ན་ང་རང་ཧ་ལས་བྱུང་། བཅའ་ཁྲིམས་ཀྱི་དོན་ཚན་བདུན་པར། སྔོན་སྦྱོང་སློབ་གྲྭ་གཉེར་བར་བཀག་འགོག་གཏན་འབེབས་གསལ་པོར་གནང་འདུག བདག་གིས་ད་དུང་གོ་བ་མི་ལོན་པ་ཞིག་ནི་འཇར་མན་གྱི་རྩ་ཁྲིམས་ནང་ཅིའི་ཕྱིར་འདི་ལྟར་གཏན་འབེབས་བྱས་པ་དེ་ཡིན་པས། ང་ཆེད་དུ་འབྲེལ་ཡོད་སློབ་གསོའི་ཆེད་མཁས་པར་འདྲི་རྩད་ལ་ཕྱིན་པ་ཡིན། ཆེད་མཁས་པས་བཤད་རྒྱུར། བྱིས་པ་སློབ་ཆུང་མ་འགྲིམས་སྔོན་གྱི་རྩ་བའི་ལས་འགན་ནི་དགའ་སྤྲོའི་ངང་འཚར་ལོངས་ཡོང་རྒྱུ་དེ་ཡིན་ཞིང་། དེའི་རྒྱུ་མཚན་ནི་བྱིས་པའི་ལྷན་སྐྱེས་ཀྱི་དགའ་ཕྱོགས་ནི་རྩེ་དགའ་ལ་རོལ་བ་དེ་ཡིན་པས། ང་ཚོས་བྱིས་པའི་ལྷན་སྐྱེས་ཀྱི་ཆོས་ཉིད་དང་མཐུན་པའི་བྱ་བ་སྒྲུབ་པ་དང་གསོ་སྐྱོང་བྱེད་པ་ལས། བྱིས་པའི་འཚར་ལོངས་ཀྱི་ཆོས་ཉིད་དང་འགལ་བའི་སློབ་གསོ་བྱེད་མི་རུང་། གལ་ཏེ་བྱིས་པ་སློབ་ཆུང་མ་འགྲིམས་སྔོན་དུ་ངེས་པར་དུ་སློབ་གསོ་བྱེད་དགོས་ཚེ། ཕྱོགས་འདི་གསུམ་ནས་སློབ་གསོ་བྱེད་དགོས་པ་ཡིན།

 

དང་པོ། སྤྱི་ཚོགས་རྩ་བའི་རྒྱུན་ཤེས་སྐོར། དཔེར་ན། རྡུང་རེས་དང་འཁོན་འཛིང་མི་བྱེད་པ། སྐད་ཆེན་པོས་སྐད་ཆ་མི་བཤད་པ་སོགས་ལྟ་བུ་རེད།

གཉིས་པ། བྱིས་པའི་འགུལ་སྐྱོད་ནུས་པ་གསོ་སྐྱོང་བྱེད་པ། བྱིས་སློབ་ཁང་འགྲིམས་སྐབས་བྱིས་པས་རང་ཉིད་ཀྱི་དགའ་ཕྱོགས་ལྟར་ལག་ཤེས་སློབ་སྦྱོང་ལ་ཞུགས་པ་དང་། བྱིས་པའི་དུས་ནས་རང་འགུལ་གྱིས་དོན་དངོས་ཀྱི་བྱ་བ་སྒྲུབ་པར་གོམས་གཤིས་ཆགས་སུ་འཇུག་དགོས།

གསུམ་པ། བྱིས་པའི་བརྩེ་སེམས་ལ་སྲུང་སྐྱོབ་བྱེད་པ་དང་། དཔལ་འབྱོར་བསམ་བློ་དང་། འགོ་ཁྲིད་ནུས་པ་གསོ་སྐྱོང་བྱེད་དགོས། སྔོན་མ་ཡིན་ན་འཇར་མན་རྒྱལ་ཁབ་གཅིག་པུར་འདི་ལྟའི་ཁྱད་མཚར་གྱི་སྒྲིག་སྲོལ་ཞིག་ཡོད་པར་འདོད་མོད། རྗེས་སུ་བརྟག་དཔྱད་བྱས་པ་ལས་ཨོ་གླིང་གི་རྒྱལ་ཁབ་ཚང་མས་བྱིས་པའི་སློབ་གསོའི་ལམ་ལུགས་ནི་ཕལ་ཆེར་གཅིག་མཚུངས་རེད། གཉིས་པ། སློབ་སྔོན་སློབ་གསོས་བྱིས་པའི་རང་འགུལ་བསམ་གཞིགས་ལ་གཏོར་བརླག་བྱེད་ངེས། ཨོ་གླིང་གི་རྒྱལ་ཁབ་དང་མི་འདྲ་བར་ཀྲུང་གོའི་བྱིས་པས་བྱིས་སློབ་ཁང་ནས་བཟུང་ཏེ་སློབ་ཆུང་ལོ་རིམ་དང་པོའི་ཤེས་བྱ་ཕལ་ཆེར་སློབ་ཚར་བ་རེད། མི་ཚོས་ཨོ་གླིང་གི་བྱིས་པ་རྣམས་རྨང་གཞིའི་སློབ་གསོའི་སྟེང་ཀྲུང་གོའི་རྗེས་སུ་ལུས་ཡོད་པར་སེམས་ཁུར་བྱེད་མོད། དོན་དངོས་སུ་དེ་ནི་དགོས་མེད་ཀྱི་སེམས་ཁྲལ་ལྷག་མ་ཅིག་རེད།

ཨོ་གླིང་གི་མི་ཚང་མའི་ཡོངས་ཁྱབ་ཀྱི་འདོད་ཚུལ་ཞིག་ནི། བྱིས་པར་བྱིས་པ་རང་ཉིད་འཚར་ལོངས་ཀྱི་ཆོས་ཉིད་དང་གོ་རིམ་ཞིག་ཡོད་པ་དང་། བྱིས་པས་རང་ཉིད་ཀྱི་འཚར་ལོངས་གོ་རིམ་དང་མཐུན་པའི་བྱ་བ་སྒྲུབ་ན་ཆོག་པར་པ་རེད། ཕྱི་ཚུལ་ནས་བལྟས་ན་ཀྲུང་གོ་རྒྱལ་ཁབ་ཀྱི་སློབ་སྔོན་སློབ་གསོ་དང་རྨང་གཞིའི་སློབ་གསོ་གནད་ལ་སོང་ཡོད་པ་ལྟ་བུར་སྣང་ན་ཡང་། ཁོ་ཚོས་བྱིས་པའི་རང་འགུལ་བསམ་གཞིགས་དང་བར་སྟོང་བརླག་ཚར་བ་རེད། དེའི་རྐྱེན་གྱིས་བྱིས་པས་དབང་མེད་དུ་ཤེས་བྱ་སྦྱོང་བར་ཁ་ཕྱོགས་པ་དང་རང་འགུལ་གྱིས་བསམ་གཞིགས་དང་གསར་གཏོད་ཀྱི་སྒོ་མོ་ཡོངས་སུ་ཁེགས་པ་རེད། གནས་སྐབས་སུ་ང་ཚོས་ཀྲུང་གོའི་སློབ་གསོའི་ལམ་ལུགས་ཀྱི་ཁྱད་ཆོས་དང་སྐྱོན་ཆའི་རྩོད་གླེང་བཞག་ནས་འཇར་མན་རྒྱལ་ཁབ་ཀྱི་སློབ་གསོའི་གྲུབ་འབྲས་ལ་ཅིག་བལྟ། འཛམ་གླིང་གི་ནོ་པེར་བྱ་དགའི་རྣམ་གྲངས་སྟེར་འགོ་ཚུགས་པ་ནས་འཇར་མན་གྱིས་ནོ་པེར་བྱ་དགའ་ལོན་ཚད་འཛམ་གླིང་གི་སྤྱིའི་ཕྱེད་ཀ་ཟིན། ཨ་རིར་གནས་སྤོར་འཇར་མན་སྡོད་དམངས་དང་། ཁ་ན་ཏ་རྒྱལ་ཁབ་སོགས་སུ་ཚོང་ལས་གཉེར་བཞིན་པའི་འཇར་མན་པ་ཡང་ཐེ། དེ་ཡང་ཕྱོགས་གཞན་ཞིག་ནས་བཤད་ན། མི་གྲངས་ཁྲི་༨༢༠༠ལྷག་ལས་མེད་པའི་འཇར་མན་པས་ནོ་པེར་བྱ་དགའི་ཕྱེད་ཀ་འཁྱེར་སོང་བ་དང་། སའི་གོ་ལའི་སྟེང་གི་མི་གྲངས་དུང་ཕྱུར་དྲུག་ཅུ་ལྷག་གིས་ནོ་པེར་བྱ་དགའི་ཕྱེད་ཀ་མ་གཏོགས་ལོན་མེད་པ་རེད། དེས་ན་འདི་ནི་རིགས་རུས་ཁྱད་དབང་གི་གནད་དོན་རེད་དམ། ཕལ་ཆེར་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན། ད་ལྟ་ང་ཚོས་ཡང་བསྐྱར་འཇར་མན་གྱི་སློབ་གསོར་མིག་གཡོར་བྱེད་དགོས་པ་དང་། ཁོ་ཚོའི་ལམ་ལུགས་དང་སྒྲུབ་སྟངས་ལ་ང་ཚོས་སློབ་སྦྱོང་བྱ་དགོས་པ་ཨེ་འདུག གྲོགས་པོ་རྣམ་པ། དེ་རིང་ང་ཚོས་དཔྱད་གཏམ་འདི་བརྒྱུད་ནས་འཇར་མན་གྱི་རྨང་གཞིའི་སློབ་གསོ་དང་ཀྲུང་གོའི་སློབ་གསོའི་ལམ་ལུགས་ལ་གསར་དུ་རྒྱུས་ལོན་ཞིག་བྱུང་བ་དང་། གསོག་ཉར་སྒམ་ལྟ་བུའི་ཤེས་བྱ་སློབ་སྦྱོང་གིས་ང་ཚོའི་བྱིས་པ་ཚོའི་བསམ་གཞིགས་ཀྱི་བར་སྟོང་དང་གསར་གཏོད་ཀྱི་སྒོ་མོ་ཁེགས་ཤིང་། མ་འོངས་པའི་རེ་བ་བརླག་པར་འགྱུར་བ་ཡང་ཤེས་དགོས་སོ། ། བསྒྱུར་རྩོམ་འདི་ནི་ཉེ་ལམ་འཕྲིན་ཕྲན་ནང་དུ་ཧ་ཅང་རྒྱུགས་ཆེ་ཞིང་། ལྷག་པར་རྒྱལ་ནང་དུ་ཧ་ཅང་གིས་མཐོང་ཆེན་བྱེད་པའི་རྩོམ་ཡིག་ཞིག་རེད། རྩོམ་ཡིག་འདི་བདག་གི་གྲོགས་མཆོག་འདབ་པ་བློ་བཟང་ཆོས་འཕེལ་ལགས་ཀྱི་འཕྲིན་ཕྲན་མ་ཡིག་ལས་འདིར་བོད་ཡིག་ཏུ་ཕབ་བསྒྱུར་ཞུས་པ་ཡིན་ལ། ཕབ་བསྒྱུར་གྱི་གོ་རིམ་ཁྲོད་དུ་ཅི་ནུས་ཀྱིས་དོན་གྱི་གོ་བ་མ་ཉམས་པ་གཞིར་བཅས་བསྒྱུར་ཐབས་ལ་དོན་བསྒྱུར་གཙོ་བོར་བྱས་ཤིང་། ལྷག་པར་གངས་ཅན་པའི་བརྡ་སྤྲོད་དང་རྩོམ་ཐབས་ལ་མ་འགལ་བར་བྱས་ཏེ་རང་གི་ནུས་ཚོད་ཙམ་དུ་བསྒྱུར་བ་དང་། སྐབས་འགར་ཚིག་ཟིན་ལ་དངོས་སུ་མ་ཐོན་པ་དག་རང་ཉིད་ཀྱིས་རྩོམ་འབྲི་བྱས་ནས་བར་དུ་བཅུག མདོར་ན་བོད་རིགས་དགེ་རྒན་གཞོན་ནུ་རྣམས་ལ་ཡང་ཅུང་ཟད་ཕན་ཐོགས་ན་སྙམ་པའི་ཀུན་སློང་གིས་ཨ་འབུམ་བློ་བཟང་དམ་ཆོས་སུ་འབོད་པས་བྱང་འབྲོག་རྫ་ཆུ་ཁར་སློབ་ཁྲིད་ཀྱི་བར་གསེང་དག་ཏུ་འབད་པ་ཆེན་པོས་རྩོམ་བསྒྱུར་ཞུས་པ་འདིས་གངས་ཅན་བོད་ཀྱི་སློབ་གསོ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག གླིང་སྲས་བོད་ཡིག་དྲྭ་ཚུགས་ཀྱིིས།

 

<<< Zurück

 

Letzte Änderung: 01-03-2017

09:01 CEST

Herzlich willkommen auf Verein der Tibeter in Deutschland e.V. offizielle Homepage! Sie befinden sich auf der umfangreichsten Webseite zum Thema Tibet und Menschenrechte in deutscher Sprache.

Druckversion Druckversion | Sitemap

Satzung | Advertise with us! | Kontakt

© 2011 Verein der Tibeter in Deutschland e.V.