དོལ་རྒྱལ་སྐོར།། བཀའ་སློབ་སྙིང་གི་ནོར་བུ་ལས་བཤུས།

དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་བྱེད་དོན་གཙོ་བོ་ནི།

༄༅། །དོལ་རྒྱལ་ལམ། རྒྱལ་ཆེན་ཤུགས་ལྡན་བསྟེན་གསོལ་སྐོར་ ༡༩༧༨ ལོར་ངས་ཐོག་མར་དམ་བསྒྲགས་བྱས་པ་ནས་བཟུང་ད་ཆ་ལོ་བཅུ་ཕྲག་གཉིས་ལྷག་ཕྱིན་ཡོད། དོལ་རྒྱལ་ནི་འདས་པའི་མི་ལོ་ ༣༤༠ ལྷག་ཙམ་རིང་རྩོད་གཞི་ཅན་དུ་གནས་པའི་འཇིག་རྟེན་གྱི་དྲེགས་པ་ཞིག་ཡིན། དམ་བསྒྲགས་བྱེད་སྟངས་དེ་ཡང་མ་བརྟག་མ་དཔྱད་པར་རལ་གྲི་གནམ་གཡུག་ལྟ་བུའམ། གཞན་གྱི་ཟེར་རྗེས་སུ་ཞུགས་པ། ཡང་ན་གཞན་གྱིས་བསྐུལ་ངོ་ཙམ་བཅས་ལ་བརྟེན་ནས་བྱས་བ་ཞིག་གཏན་ནས་མིན། ཐོག་མར་༸གོང་ས་ལྔ་བ་ཆེན་པོའི་སྐུ་དུས་སུ་བྱུང་བའི་གནས་ཚུལ་ཡོང་རྐྱེན་དང་། བར་དུ་ཚད་ཐུབ་རྩོད་མེད་ཀྱི་ཡོངས་གྲགས་བླ་མ་དུ་མའི་དགོངས་ཚུལ། བར་སྐབས་ངོས་རང་ཐོག་དངོས་བྱུང་གི་གནས་ཚུལ་མང་པོ་ཞིག་བཅས་གཞི་རྩར་བཟུང་སྟེ། བོད་ཀྱི་བསྟན་སྲིད་མི་རིགས་སྤྱི་སྒོས་ཀྱི་འཕྲལ་ཡུན་གྱི་བདེ་རྩར་ཕན་ཐབས་ཁོ་ནར་དམིགས་ཏེ། བརྟག་དཔྱད་དོ་བརྟན་ལོ་བསྟུད་བྱས་པའི་མྱོར་ཚོར་དངོས་ར་འཕྲོད་པའི་གནས་ཚུལ་ནས། དོལ་རྒྱལ་བསྟེན་གསོལ་བྱེད་པ་འདི་སྤྱི་སྒེར་ཡོངས་ལ་ཕན་ལས་གནོད་ཆེ་བ་དང་། དགེ་ལས་སྐྱོན་ཆེ་བ། ཁེ་ལས་གྱོང་ཆེ་བ་མཐོང་བ་དང་། བཀྲ་མ་ཤིས་པའི་གནས་ཚུལ་མང་པོ་ཞིག་ཡོང་བར་བརྟེན་བསྟེན་གསོལ་མི་རུང་བའི་སྐོར་བླང་དོར་ལམ་སྟོན་སྔ་ཕྱིར་བགྱིས་པར་གཞིས་བྱེས་བོད་མི་སེར་སྐྱ་མང་ཚོགས་དང་། ཕྱི་རྒྱལ་ནང་ཆོས་དོན་གཉེར་ཅན་བློ་གཟུ་བོར་གནས་པ་ཕལ་མོ་ཆེ་བཅས་ཀྱིས་དགེ་སྐྱོན་གནས་ལུགས་གསལ་པོ་རྟོགས་ཏེ་ངོས་ལ་ཡིད་ཆེས་ཀྱིས་བླང་དོར་འཇུག་ལྡོག་འཛོལ་མེད་བྱས་ཡོད།

 

དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་བྱེད་དོན་གཙོ་བོ་ནི།

༡༽ སྟོན་པ་བཅོམ་ལྡན་འདས་ཀྱིས་གཞི་བདེན་པ་གཉིས་དང་། བདེན་པ་བཞི་ལ་བརྟེན་ནས་ནང་པའི་ཆོས་ཀྱི་རྣམ་གཞག་གསུངས་ཏེ་སྐྱབས་འགྲོ་དང་ལས་འབྲས་ཀྱི་རྣམ་གཞག་བསྟན་ཡོད། འོན་ཀྱང་དེང་སང་སྙིགས་ལྔའི་དུས་འདིར་ལུས་ལ་ཆོས་གོས་གྱོན་ནས་རྩོད་གཞི་ཅན་གྱི་འཇིག་རྟེན་དྲེགས་པ་ཞིག་ལ་གློ་སྙིང་བྲང་གསུམ་གཏད་དེ་འདི་ཕྱིའི་སྐྱབས་གནས་སུ་བཅོལ་བ་དང་། བདེ་སྡུག་ཅི་འབྱུང་ལྷ་ཀླུ་རྒྱལ་བཙན་འཇིག་རྟེན་དྲེགས་པས་བྱས་པར་སྨྲ་བ་འདིས་ནང་པའི་ལྟ་བ་དང་རྒྱབ་འགལ་ཡིན་པ་དང་།

༢༽ ངོས་ནས་འཛམ་གླིང་ཞི་བདེ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་སླད་དུ་ཆོས་ལུགས་འདྲ་མིན་ཁག་ཕན་ཚུན་བར་གུས་བརྩི་དང་མཐུན་པོ་བྱེད་དགོས་བརྗོད་པ་དང་། བོད་ལ་ཆ་མཚོན་ན་ཡང་། སྔ་འགྱུར་རྙིང་མ་དང་། གསར་མ་ས་སྐྱ། བཀའ་བརྒྱུད། དགེ་ལུགས་བཅས་པའི་རྩ་བའི་ཆོས་ཀྱི་འབྱུང་ཁུངས་སྟོན་པ་ཐུགས་རྗེ་ཅན་ལ་ཐུག་པ་གཅིག་གྱུར་ཡིན་པ་དང་། སངས་རྒྱས་ཀྱི་བཀའ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་ཉམས་སུ་ལེན་པའི་ཐབས་ལམ་བཞེངས་སྲོལ་མི་འདྲ་བ་ཙམ་ལས་མཐར་ཐུག་གི་བསྒྲུབ་བྱ་གཅིག་གྱུར་ཡིན་པས་ཆོས་བརྒྱུད་ནང་ཕན་ཚུན་མཐུན་ལམ་འོ་ཆུ་གཅིག་འདྲེས་དགོས་པའི་བསྐུལ་མ་སྔ་ཕྱི་རིམ་པ་བྱས་ཡོད། འོན་ཀྱང་། དོལ་རྒྱལ་བསྟེན་མཁན་ཚོས་ཆོས་བརྒྱུད་གཞན་དག་གི་དགོན་སྡེ་དེ་འཛིན་དང་བཅས་པར་བརྙས་སྨོད་སྐུར་འདེབས་ཀྱིས་ཆོས་སྤོང་གི་ལས་ངན་བསགས་པའི་ཁར། དགེ་ལུགས་པ་ཞིག་གིས་རྙིང་ཆོས་ཉམས་ལེན་བྱས་ཚེ་དོལ་རྒྱལ་གྱིས་ཚར་བཅད་བྱེད་ཚུལ་བཤད་དེ་འཇིགས་སྐུལ་གྱིས་ཆོས་བརྒྱུད་ནང་ཁུལ་དམ་ཚིག་མི་མཐུན་པའི་འགལ་བ་བཟོས་ཡོད།

༣༽ སྨོན་ལམ་ལོག་པའི་དབང་གིས་༸རྒྱལ་མཆོག་ལྔ་བ་ཆེན་པོའི་སྐུ་དུས་སུ་ཐོག་མར་འགལ་བ་བྱུང་བ་ནས་བཟུང་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་འགོ་འཁྲིད་པའི་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་སྐྱོང་ཚུལ་ལ་མི་དགའ་བའི་ཞེ་འཁོན་སྡང་འཛིན་གྱིས་གནོད་འཚེ་བྱེད་པ་བཅས་རྒྱུ་མཚན་གཙོ་བོ་གསུམ་དང་། དེ་བཞིན་བོད་མི་འདུ་སྡོད་གང་སར་ཉམ་ཐག་རྒན་རྒོན་དང་། ནད་གཅོང་། ཕྲུ་གུ་བཅས་མང་པོ་ཞིག་ངོས་ཀྱི་མཇལ་ཁར་ཡོང་བའི་སྐབས་སུ་མང་པོ་ཞིག་གིས་དོལ་རྒྱལ་གྱི་གནོད་པས་ནད་ན་ཚ་ཕོག་ལུགས་དང་། དོལ་རྒྱལ་ལ་ཕོག་ཐུག་སོང་བས་གནོད་འཚེ་བར་ཆད་མང་པོ་ཡོང་གི་འདུག་པ་དེ་བཟློག་ཐབས་བརྟག་པ་དང་སྐྱབས་ཞུ་ཞུ་མཁན་མང་བས་ཉམ་ཆུང་མི་མང་ལ་ཐུབ་ཚོད་གནོད་སྐྱེལ་བྱེད་མཁན་གྱི་དྲེགས་པ་དེ་ལྟ་བུ་བསྟེན་གསོལ་བྱ་རྒྱུ་ནང་པའི་ཆོས་དང་མི་མཐུན་པ་ཡིན། གཞུང་བསྟེན་གྱི་སྲུང་མ་དམར་ནག་གཉིས་ཏེ་དཔལ་ལྡན་ལྷ་མོ་དང་། རྒྱལ་པོ་སྐུ་ལྔ། སྐྱེས་བུ་གསུམ་གྱི་སྲུང་མ། བོད་སྐྱོང་ལྷ་སྲུང་དམ་ཅན་རྒྱ་མཚོ་བཅས་པའི་ཐུགས་དགོངས་འགལ་འཁྲུག་གི་རྣམ་པ་ཆེན་པོ་ཡོད། ཡང་སྒོས་ཡབ་རྗེ་ཙོང་ཁ་པ་ཆེན་པོའི་བསྟན་པ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་དྭངས་གཙང་མིང་དོན་མཚུངས་པ་ཞིག་འབྱུང་ཐབས་སོགས་དགོས་པ་རྒྱུ་མཚན་དུ་མ་ལ་བརྟེན་ནས་དོལ་རྒྱལ་བསྟེན་གསོལ་མི་རུང་བའི་དམ་དྲག་བྱས་པ་ཡིན། དེ་སྔ་དོལ་རྒྱལ་བསྟེན་མཁན་ཁོངས་ནས་མི་འགའ་རེ་ལ་བསྟེན་གསོལ་མཚམས་འཇོག་བྱས་ན་དོལ་རྒྱལ་གྱིས་གནོད་འཚེ་བར་ཆད་མི་ཡོང་ངམ་བསམ་ནས་བློ་ཆུང་རྣམ་རྟོག་གི་སེམས་ཁྲལ་ཡོང་གི་ཡོད་ཚོད་འདུག དེ་འདྲའི་རི་བོང་གནམ་རྡིབས་ཀྱི་སེམས་ཁྲལ་ངལ་མི་བདེ་དགོས་དོན་མེད། དེ་སྔ་བརྟེན་མཁན་བརྒྱ་ཕྲག་སྟོང་ཕྲག་མང་པོས་བསྟེན་མཚམས་གཙང་མ་བཞག་པ་དེ་ཚོར་གནོད་འཚེ་བྱུང་ཡོད་མེད་བལྟས་ན་ཤེས་ཐུབ། ད་དུང་བློ་མི་བདེ་བ་དང་། ཞེད་སྣང་ཡོང་གི་འདུག་ན། སྤྱིར་བཏང་ང་ལ་རྟོགས་པ་གང་ཡང་མེད་ཀྱང་། དོལ་རྒྱལ་ལྟ་བུས་གནོད་འཚེ་བར་ཆད་མི་ཐུབ་པའི་འགན་ངས་ལེན་ཆོག་ཅེས་བརྗོད་ཀྱི་ཡོད། ཡང་། དོལ་རྒྱལ་བསྟེན་བཞིན་དུ་ངའི་ས་ནས་དགེ་ཚུལ་སློང་གི་སྡོམ་པ་ཞུ་བ་དང་། བཀའ་ཆོས་ཞུ་བར་ཡོང་ན་བླ་སློབ་དམ་ཚིག་མི་གཙང་བའི་དབང་གིས་བླ་མའི་ཚེ་ལ་གནོད་རྒྱུ་དང་། དམ་ཚིག་ཉམས་ན་སློབ་མ་རང་ཉིད་དམ་ཚིག་ཉམས་པའི་ཉེས་པས་ཚེ་རབས་མང་པོར་སྡུག་བསྔལ་མི་བཟད་པ་མྱོང་དགོས་པ་འདི་ནི་རྒྱུད་སྡེའི་དགོངས་པ་ཡིན། དཔེར་ན་མེས་འཚིག་པའི་ས་བོན་ལ་མྱུ་གུ་སྐྱེ་བའི་ནུས་པ་དང་བྲལ་བ་ཇི་བཞིན་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་སྒོ་འགག་རྒྱུ་ཡིན་པས་དེའི་གནད་ཤེས་དགོས། དོལ་རྒྱལ་བསྟེན་གསོལ་བྱས་ན། དགེ་སྐྱོན་ཕན་གནོད་གང་ཡོད་པ་ངས་གསལ་པོ་ཤེས་བཞིན་དུ་མང་ཚོགས་ལ་འགྲེལ་བརྗོད་གསལ་བཤད་མ་བྱས་ན་ངའི་ནོར་འཁྲུལ་རེད། བཤད་ནས་བདག་སྤྲོད་བྱས་དང་མི་བྱེད་དང་། ཉན་དང་མི་ཉན་སོ་སོའི་ལག་པར་ཡོད། དགེ་སྐྱོན་ཡོང་བསྲང་ཡོངས་ཐབས་བྱེད་རྒྱུ་ངའི་ལས་འགན་ཡིན། འོན་ཀྱང་གནོད་ཤུགས་སྤྲད་དེ་བཙན་གནོད་གཏོང་མཁན་སུ་ཡང་མེད་པ་ཚང་མས་ཤེས་གསལ་ཡིན།

 

Letzte Änderung: 01-03-2017

09:01 CEST

Herzlich willkommen auf Verein der Tibeter in Deutschland e.V. offizielle Homepage! Sie befinden sich auf der umfangreichsten Webseite zum Thema Tibet und Menschenrechte in deutscher Sprache.

Druckversion Druckversion | Sitemap

Satzung | Advertise with us! | Kontakt

© 2011 Verein der Tibeter in Deutschland e.V.